Mittwoch, 26. Januar 2011

རྣམ་ཤེས།

ཁ་བའི་འདབས་མ་ལས་འབྱུང་བའི་ངའི་རྣམ་ཤེས།

ལོ་ཟླའི་འཕེལ་སྒྲིབ་ཀྱི་འཇིག་མི་ནུས་ལ།
ཆར་དང་སེར་བས་དེ་བས་ཀྱང་
རྩ་བརླག་གཏོང་མི་ཐུབ།
རྩ་བ་གངས་དང་ཐུགས་ཤིང་
རྩེ་མོ་རི་རྒྱལ་ཏེ་སེར་བཅོལ་ཡོད་ལ།
ཡར་ཀླུང་གཙང་པོའི་ཆུ་སྒྲ་དེ་ཐོས་ཞོར།
རྩིད་ཐང་གཞུང་གི་གཏམ་རྒྱུད་དེ་ཉན་མྱོངས།
ལ་རྒྱ་མི་དོར་ལ་དམ་ཚིག་ནི་དེ་བས་ཀྱང་ངོ།
༧ཀུན་གཟིགས་མཆོག་གི་གདམས་ངག་དེ་
ངའི་ཆེས་བླ་མེད་ཀྱི་དམ་ཆ་དེ་ཡིན།།


Dienstag, 25. Januar 2011

འདོད་རྟ།

འདོད་པའི་རྟ་ལ་བཞོན་ཏེ།

ཐག་རིང་ཕྱོགས་ལ་བསྐྱོད་བསམ།
ཐག་རིང་རྒྱང་བའི་ལམ་དེ།
ཕྱོགས་བཞིན་བཙན་རུ་བཙན་རུ།
ཐག་རིང་གནས་མཆོག་དེ་ནི།
རྟོགས་བཟོས་དཀྱེལ་འཁོར་ཨེ་ཡིན།
སྨྲ་མེད་ནམ་མཁའི་སྐར་མས།
ལུང་བསྟན་ང་ལ་གནང་རོགས།

Montag, 24. Januar 2011

ངའི་འཇིག་རྟེན་ཆུང་ངུ་།


སྒྱུ་རྩལ་གྱི་དོ་ར་ནི་ངའི་འཇིན་རྟེན་ཆུང་ངུ་དེ་ཡིན་ལ།

ངས་བསམ་གཞིགས་དང་སྡུག་བསྔལ་བཤད་ས་དེ་ཡང་ཡིན།

བསམ་པའི་འཆར་སྣང་དང་རྟོག་བཟོས་ཀྱི་སྐད་ཆ།
རང་རློམ་གྱི་སྨྲ་བ་དང་ཆགས་སྡང་གི་ངར་ཤུགས།
བརྩེ་དུང་གི་འདོད་རྔམ་དང་བརྩེ་དུང་གི་དམ་ཆ།
ངས་ཁྱེད་ལ་དུས་དང་བསམ་པའི་གནས་སྟངས་མི་འདྲ་བའི་སྐབས
འཚོར་བ་རྣམས་གསང་མེད་དུ་བརྗོད་མུད་ལས།


ཁྱེད་ནི་ང་ལ་དུས་རྟག་ཏུ་སེམས་གསོ་བྱ་བཞིན།
ཁྱེད་ནི་ཆ་རྐྱཻན་མི་འདོན་པའི།
གྲོགས་པོ་བློས་ཐུབ་དེ་ཁོ་ན་ཡིན་ངེས།

 

Sonntag, 23. Januar 2011

ཕུན་ཚོགས་ཚེ་རིང་གི་འགྲུལ་བཞུད།

ཕུན་ཚོགས་ཚེ་རིང་གི་འགྲུལ་བཞུད།

ལྗང་བུས།


སྦྲག་ཁང་གི་སྒོ་འགྲམ་བརྒྱུད་ཐེངས་ཤིག་ལ
ཁྱོད་ཀྱིས

གློ་བུར་ངང་གོམ་མཚམས་བཞག་ཡོད་ཚོད་ཡིན
རྒྱང་རིང་རྒྱང་རིང་དེ་དྲན་པའི་མོད་ལ

ཁྱོད་ཀྱིས
རྒྱང་རིང་ལ་ཅི་ཞིག་སྐུར་དགོས་བསམ་ཡོད་ཚོད་ཡིན



ཁྱོད་ཀྱི
གངས་རི་དང་བྱང་ཐང་བརྒལ་མྱོང་པའི་རྐང་པ་ཟུང
རྣོ་ངར་གྱི་རྗན་ཙི་རུ་གྱུར་ནས་འགྲུལ་བཞུད་བྱེད་འགོ་བཙུགས

ཁྱོད་ཀྱིས
མཚན་མོ་རེ་རེ་དུམ་བུ་དུམ་བུར་དྲས་ཏེ
འགྲུལ་བཞུད་ཀྱི་འགྲོ་ལམ་གསར་པའི་རྨང་གཞི་བཏིང

ཁྱོད་ཀྱིས
ཉི་ཟླ་གཉིས་ལ་དྲན་གདུང་གི་ཚོན་རྩི་བགོས་
སླར་ཡང་སྐར་ཚོམས་ཀྱི་ཁ་བས་བསུབ་པར་བྱས

འགྲོ་ལམ་གྱིས་ཁྲིད་ནས། ཁྱེད་རང
གངས་ཐང་གསར་པའི་དོན་སྙིང་གི་མཐིལ་ལ་སླེབས
གྲོང་ཁྱེར་གྱི་ནགས་ཚལ་སྟུག་པོར་།

ཁྱེད་རང་
བརྩེ་དུང་དང་མཉམ་དུ་འཆམ་འཆམ་ལ་ཕེབས
མི་ཚེ་ཡི་དཀྱིལ་འཁོར་གསར་པའི་གཞི་རུ།
ཁྱེད་རང་བསམ་གཞིགས་ཀྱི་སྐྱིལ་མོ་ཀྲུང་ལ་བཞུགས


ཁྱེད་རང་གི་སྨྲ་ལྕེ་ལ་རེ་ཞིག་འཁྱག་པ་ཐེབས་ཙང
བསྡུས་གཟུགས་སུ་གྲུབ་ནས་རྩིགས་ལྡེབས་ལ་འཕོས

ལྷགས་པས་ཁྱོད་ཀྱི་འཕྲིན་ཡིག་ཅིག་ཁྱེར་མ་སོང་ལ
སྤྲིན་པས་ཁྱོད་ལ་གསུང་ལན་ཅིག་བསྣམས་མ་ཕེབས

ཡིག་སྐོགས་ཤིག་ལ་བཅུག་ན་ཆེ་དྲགས་པ་འདྲ་པོ
སེམས་ཀྱི་གཞིས་ཁང་དུ་བཀལ་ན་ཆུང་དྲགས་པ་འདྲ་པོ
___ ཁྱེད་ཀྱི་དྲན་གདུང་།


སྤྱི་ལོ༢༠༡༠ལོའི་སྤྱི་ཟླ༣ པ་ནས་༤ བ་བར་། འདུས་འབྱུང་ཕུན་ཚོགས་ཚེ་རིང་ལགས་དང་མཉམ་དུ་སྒྱུ་རྩལ་འགྲེམ་སྟོན་ཞིག་ལ་ཞུགས་ཤིང་། ཁོང་གི་བསྡུས་གཟུགས་སྒྱུ་རྩལ་གྱི་བརྩམས་ཆོས་དག་མཇལ་ཅིང་འགྲེལ་བཤད་ལ་ཉན་རྗེས་མ་ཡིག་དམ་དུམ་ཐར་ཐོར་ཞིག་དེ་དུས་ནས་ཕབ་ཚར་ན་ཡང་། ཤོག་ངོས་དང་གློག་ཀླད་ནང་ཡོད་པ་དག་ད་བར་དག་སྒྲིག་མ་བྱུང་པར་ལུས། ༡༠༡༠་་༡༡་་༢༤ལ་ལྷོ་ཕྱོགས་སྨོན་འཕེལ་གྱི་གྲོང་སྡེ་རུ་མ་ཡིག་གཏན་འབེབ་ངང་སྦྱར་རོ་། བསྡུས་གཟུགས་སྒྱུ་རྩལ་ཟེར་བ་ནི་རྒྱ་ཡིག་ཏུ་ 拼帖艺术ཟེར་པ་དེ་ཡིན་ཞེས་ཁོང་གི་བསྒྱུར་སྟངས་སོར་འཇོག་ཞུས་ཡོད།

Freitag, 21. Januar 2011

དེང་དུས་བོད་ཀྱི་སྒྱུ་རྩལ།


ཉི་བཀྲག་འགྲེམས་སྟོན།


འདུས་བྱུང་ཕུན་ཚོགས་ཚེ་རིང་པས།




གོ་ལ་ཧྲིལ་པོ་གཅིག་གྱུར་ཅན་དང་སྤྱི་ཚོགས་ཀྱི་གནད་དོན་འདྲ་མིན། འཁྲུག་ཆ་དོད་ལ་འགྲན་རྩོད་ཆེ་བའི་གནས་སྟངས་དང་། ཁོར་ཡུག་དམིགས་བསལ་ཅན་གྱི་ལམ་བུ་དེ་བརྒྱུད་བཞིན་པའི་བོད་ཀྱི་དེང་རབས་སྒྱུ་རྩལ་པ་ཁག་གཅིག་ནས་པེ་ཅིང་གྲོང་ཁྱེར་ནང་ད་ལོའི་ཟླ་བ་དགུ་པའི་ཚེས་བཅུ་ནས་ཟླ་བ་བཅུ་པའི་ཚེས་བཅུ་བར་ཟླ་བ་གཅིག་རིང་༼ཉི་བཀྲག་༽ཅེས་བཏགས་པའི་འགྲེམས་སྟོན་ཞིག་བྱས་པ་རེད།


ཁོ་བོས་འགྲེམས་སྟོན་དེ་བཞིན་ཐོག་མར་དྲྭ་རྒྱ་བརྒྱུད་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། དེ་ནས་ཨ་རིའི་རྒྱང་བསྲིང་རླུང་འཕྲིན་ཁང་གི་དྲྭ་བརྙན་བརྒྱུད་མཐོང་བ་དང་། དེ་རྗེས་ཚེ་རིང་འོད་ཟེར་ལགས་ཀྱི་ཟིན་བྲིས་ནས་སྒྱུ་རྩལ་པ་ཚོའི་བརྩམ་བྱ་གང་འཚམས་མིག་ལམ་ལ་སོན་ཐུབ་བྱུང་།


འགྲེམས་སྟོན་དེའི་ནང་མཉམ་ཞུགས་བྱ་མཁན་ཁྱོན་བསྡོམས་སྒྱུ་རྩལ་བ་༥༠ལྷག་ཡོད་པའི་ཁོངས་ནས་བརྒྱ་ཆ་བརྒྱད་ཅུ་ལྷག་བོད་པ་ཡིན་པ་དང་། ཁག་གཅིག་རྒྱ་རིགས་སྒྱུ་རྩལ་པ་ཡིན་ལ། བོད་རིགས་སྒྱུ་རྩལ་བའི་ཁོངས་ནས་ལྷ་སར་གཏན་སྡོད་བྱ་མཁན་དང་། དེ་མིན་བོད་ཀྱི་ས་ཕྱོགས་གཞན་ཁག་ནས་ཡིན་པ་རེད། བོད་རིགས་ནུབ་ཕྱོགས་ནང་བཅའ་སྡོད་བྱ་མཁན་ཁག་གཅིག་ཀྱང་མཉམ་ཞུགས་བྱས་འདུག


འགྲེམས་སྟོན་གྱི་ཇུས་བཀོད་པ་དང་སྒྱུ་རྩལ་ལ་སྐྱོན་ཡོན་སྨྲ་བ་ལི་ཤན་ཐིང་གིས་བཤད་དོན་ལྟར་ན། ཁོང་གིས་དེ་སྔོན་ ༢༠༠༧ ལོའི་བོད་ཀྱི་དེང་དུས་འགྲེམས་སྟོན་དེ་བཞིན་པེ་ཅིང་ནང་ཐོག་མར་མིག་ལ་མངོན་པ་ནས་བཟུང་། ཁོ་རང་ལའང་འགྲེམས་སྟོནཞིག་གི་ཇུས་འགོད་པ་བྱ་སྙམ་པའི་བསམ་བློ་དེ་བྱུང་། འོན་ཀྱང་ཚད་གཞི་མཐོ་པོ་ཞིག་དང་“སོན་ཀྲང་འགྲེམས་སྟོན་ཁང་“འདི་ནི་གཞི་རྒྱ་ཆེ་བའི་ཁང་པ་ཞིག་ཡིན་པར་བརྟེན། འགྲེམས་སྟོན་གྱི་སྟ་གོན་བྱ་རྒྱུར་དུས་ཡུན་ཅུང་ཙམ་གཏོང་དགོས་བྱུང་ཡོད་པ་ལས། དོན་དུ་ལོ་གཉིས་རྗེས་སུ་གཞི་ནས་འགྲེམས་སྟོན་བྱ་ཐུབ་པ་བྱུང་ཟེར།


འགྲེམས་སྟོན་གྱི་སྒོ་ཕྱེས་སྐབས་འགྲེམས་སྟོན་ཁང་དེའི་རྒྱ་སྒོའི་མདུན་དུ་སྒྱུ་རྩལ་པ་རྣམས་མཉམ་འཛོམས་ཐོག བསངས་གསོལ་བྱས་པ་དང་། ལྗགས་སྐྱེམ་ཕུལ་བ། དེ་བཞིན་ཁོང་ཚོའི་སྐེ་ལ་ཁ་བཏགས་གཡོགས་ཡོད་པ་བཅས་མཐོང་རྒྱུ་འདུག


ནང་དོན་ཕུན་སུམ་ཚོགས་ལ་རྒྱུ་ཆ་འདྲ་མིན་བེད་སྤྱད་ཡོད་པའི་ད་ཐེངས་ཀྱི་འགྲེམས་སྟོན་ནི་ད་བར་དེང་དུས་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་གཞི་རྒྱ་ཆེ་ཤོས་དེ་གྱུར་པ་རེད།


ཁོ་བོས་ནང་དོན་དེ་རྣམས་མཐོང་སྐབས་ཁོ་བོའི་བསམ་པར་ཚོར་བ་སྣ་ཚོགས་ཤིག་སྐྱེས་བྱུང་། ནོར་ཚེ་ལགས་ཀྱིས་བོད་ཡིག་གསལ་བྱེད་སུམ་ཅུ་དེ་བཞིན་ས་སྟེང་ཞལ་ལའི་སྟེང་བསྒྲིགས་ནས་ཤེལ་སྒྲོམ་ནང་རོ་སྒམ་ནང་བླུགས་ཡོད་པ་ལྟ་བུ་དང་། ཤེལ་སྒྲོམ་གཉིས་བར་སྒྲོན་མེ་རེ་སྤར་འདུག གཡག་ཚེ་བརྟན་ལགས་ཀྱིས་སྦི་ཨར་ཤེལ་དམ་ལས་མཆོད་རྟེན་ཆེན་པོ་ཞིག་བཞེངས་ཡོད་པ་མཐོང་རྒྱུ་འདུག དགའ་བདེས་མ་ཎི་ལགས་བསྐོར་ཆེན་པོ་ཁག་བཞེངས་ནས་། དེའི་སྟེང་ཀྲུང་དབྱང་གི་འགོ་ཁྲིད་མི་རབས་བཞི་ཡིས་ཆབ་སྲིད་སློབ་སྟོན་ཁག་བྲིས་བརྐོས་བྱས་ཡོད་པ་རེད།


ཆོས་ཉིད་འཇམ་དཔལ་གྱིས་བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་སྲོལ་གྱི་ལག་རྩལ་གཞི་བཞག་ཐོག ཁོར་ཡུག་གི་གནས་སྟངས་དང་ ༢༠༡༠ ལོར་ཡུལ་ཤུལ་ཁུལ་དུ་ས་གཡོམ་བྱུང་བའི་གནས་དོན་ཁག་མིག་ལམ་དུ་མཐོང་རྒྱུ་ཡོད་པ་མངོན་བྱུང། གོང་དཀར་རྒྱ་མཚོ་ལགས་ཀྱིས་སྦྱར་མའི་བརྩམས་ཆོས་དང་། དེ་བཞིན་བསྟན་འཛིན་རིག་གྲོལ་ལགས་ཀྱིས་ཁོང་གྲུ་ཆུང་ཞིག་ནང་བསྡད་དེ་ལག་ཏུ་༧གོང་ས་མཆོག་གིས་བརྩམས་གནང་བའི་ཕྱག་དཔེ་ཞིག་བསྣམས་ནས། མཐའ་ཡས་པའི་འཇིག་རྟེན་འདིར་འགྲུལ་བཞུད་གནང་ཚུལ་མཚོན་བྱེད་མཐོང་རྒྱུ་འདུག བོད་ཀྱི་བུ་མོ་སྒྱུ་རྩལ་བ་ཁ་ཤས་བོད་ཕྱི་ནང་གང་སར་ཡོད་པའི་ཁོངས་ནས་ད་རེས་པེ་ཅིན་ནང་ཁ་ཤས་ཀྱིས་བརྩམས་ཆོས་ཁ་ཤས་མངོན་རྒྱུ་འདུག
དེ་དང་དེ་འདྲ་བའི་བརྩམ་བྱ་མི་འདྲ་བ་དུ་མ་མཐོང་རྒྱུ་འདུག དེའི་ཁྲོད་ནས་རང་བྱུང་ཁོར་ཡུག་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་། གནད་དོན་དེ་བཞིན་སྤྱི་ཚོགས་ཤིག་དང་གང་ཟག་སྒེར་གྱི་ལས་དབང་ལ་འབྲེལ་བཤད་བྱེད་པ་སོགས། སྒྱུ་རྩལ་བ་སོ་སོས་རང་ཉིད་ཀྱི་འདོད་ཚུལ་དང་བསམ་པའི་འཆར་ཚུལ་རྣམས་བརྩམ་བྱ་རེ་རེའི་ཐོག་ནས་མངོན་ཐུབ་པར་བྱས་འདུག


ད་ལམ་ཁོ་བོས་དེར་ཚབ་མཚོན་ཙམ་གྱི་སྒྱུ་རྩལ་བ་ཁག་གཅིག་གི་མིང་བྲིས་ཡོད་པ་ལས་སྒྱུ་རྩལ་བ་ཚང་མའི་མིང་དང་བརྩམ་བྱ་ཁག་འབྲི་ཐུབ་ཐབས་བྲལ་ཞིང་། གཅིག་ནས་ངོས་རང་ས་གནས་དེར་སླེབས་མེད་པ་དང་། གཉིས་ནས་གནས་ཚུལ་ཚང་མ་ཇི་མ་ཇི་བཞིན་ཐོས་པ་དང་མཐོང་བའི་བརྒྱུད་ལམ་འདེངས་ངེསཔ་ཞིག་ལག་སོན་མ་ཐུབ་པས་ཡིན།


ངས་རྩོམ་ཐུང་འདི་ནི་རང་ཉིད་ཀྱི་མཐོང་ཚུལ་དང་བསམ་ཚུལ་ཙམ་བྲིས་པ་ལས། སྒྱུ་རྩལ་གྱི་ལོ་རྒྱུས་སྨྲ་བའམ་དེའི་ཐོག་ཞིབ་འཇུག་བྱ་མྱོང་བའི་ཉམས་མྱོང་ཡོད་པ་ལྟ་བུས་བྲིས་པ་ཞིག་མིན། ད་བར་བོད་པ་ཞིག་གི་བོད་ཀྱི་དེང་དུས་རི་མོའི་སྒྱུ་རྩལ་ཐོག་བོད་ཡིག་ནང་རྩོམ་རིག་བྲིས་ཡོད་པ་དཀོན་པོ་འདུག་སྙམ།


པེ་ཅིང་ནང་འགྲེམས་སྟོན་བྱས་པའི་སྒྱུ་རྩལ་གྱི་ནང་དོན་དེ་ལྟ་བུར་རིགས་པའི་གཞུང་ལུགས་ཀྱི་རྒྱབ་བརྟེན་ཡོང་ཆེད་མ་འོངས་པར་བོད་རིགས་ཀྱིས་སོ་སོའི་སྐད་ཡིག་ཐོག་ནས་རྩོམ་ཡིག་གང་མང་འབྲི་མཁན་བྱུང་ཚེ། སྒྱུ་རྩལ་གྱི་བརྩམ་བྱ་ཚད་གཞི་མཐོ་པོ་ཡོད་ཁར་དེ་ལ་རིགས་པའི་གཞུང་ལུགས་ཀྱི་རྒྱབ་བརྟེན་རྩོམ་རིག་སྒྱུ་རྩལ་ཁག་གཅིག་ཡོད་ན། ད་གཟོད་ཆ་ཚང་བའི་སྔོན་ཐོན་གྱི་གཞུང་ལུགས་ཤིག་དང་། རྒྱལ་སྤྱིའི་དེང་དུས་སྒྱུ་རྩལ་གྱི་གདེངས་ཆའི་སྟེང་དཔུང་པ་མཉམ་བཤིབ་ངང་གོམ་པ་སྤོ་ཐུབ་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད།


ལོ་རྒྱུས་དང་འབྲེལ་བའི་བོད་ཀྱི་དེང་དུས་སྒྱུ་རྩལ་གྱི་རྒྱབ་ལྗོངས་ཀྱི་འཕེལ་རིམ་སྐོར་ཅུང་ཟད་འབྲི་ན།ཐང་གའི་བྲིས་རྒྱུན་ཁག་མ་གཏོགས། དེ་མིན་བོད་ཀྱི་དེང་དུས་སྒྱུ་རྩལ་གྱི་ལོ་རྒྱུས་དེ་དུམ་བུ་བཞི་ཙམ་དབྱེ་དགོས་པར་སྙམ་ཞིང་།


དུམ་བུ་དང་པོ་ནི། དུས་རབས་ཉི་ཤུ་པའི་དུས་འགོ་ནས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་བར་ཡིན་ལ། དུས་ཚོད་དེའི་ནང་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཨ་མདོ་བྱམས་པ་ཚེ་བརྟན་སོགས་ཀྱི་བརྩམ་བྱ་རྣམས་ཀྱིས་མཚོན་པར་བྱེད་ཅིང་། བརྩམ་བྱ་དེ་རྣམས་ནི་སྲོལ་རྒྱུན་དང་། འདྲ་བྲིས་དེ་བཞིན་ནུབ་ཕྱོགས་ཀྱི་དངོས་བྲིས་རི་མོའི་འབྲི་སྲོལ་གྱི་ཤན་ཞུགས་ཆེན་པོ་ཡོད་པ་རེད། བརྩམ་བྱའི་ནང་དོན་ནང་སྤྱི་ཚོགས་ཀྱི་གནས་བབས་ཅུང་ཉུང་བ་བྲིས་ཡོད་པ་ལས། སྒྱུ་རྩལ་བ་སོ་སོའི་འདོད་ཚུལ་དང་། ཁོང་རྣམས་ཀྱིས་སྤྱི་ཚོགས་ལ་བཅངས་པའི་ངོས་འཛིན་བྱ་ཐབས་སོགས་མཚོན་མི་ཐུབ། འོན་ཀྱང་ཨ་མདོ་བྱམས་པ་ལགས་ཀྱིས་(༡)ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་གི་ཕོ་བྲང་ཁམས་གསུམ་ཟིལ་གནོན་གྱི་ལྡེབས་རིས་ཀྱི་བརྗོད་བྱར་ ༧རྒྱལ་བ་སྐུ་འཁོར་དང་། སྐབས་དེའི་བཀའ་ཤག་ལྷན་རྒྱས་བྲིས་ཡོད། བྲིས་ཆ་དེས་མཚོན་པའི་སྐབས་དེའི་མཐོ་རིམ་སྤྱི་ཚོགས་མངོན་ཐུབ་ཡོད། དེ་དང་༧རྒྱལ་བའི་ཕྱག་དཔེ་ཁང་ནང་སྙན་གྲགས་ཆེ་བའི་ཨ་མདོ་བྱམས་པ་ལགས་ཀྱིས་ཕྱག་རིས་རྒྱན་དྲུག་མཆོག་གཉིས་མཇལ་རྒྱུ་ཡོད། རི་མོ་དེ་ཡང་༧རྒྱལ་བའི་བཀའ་ཇི་བཞིན་ཨ་མདོ་བྱམས་པ་ལགས་ཀྱིས་དངོས་བྲིས་རི་མོ་གཞིར་བཞག་ཐོག་བྲིས་གནང་བ་ཞིག་ཡིན་པ་ལས་སྒྱུ་རྩལ་བས་རང་འདོད་ཀྱིས་བྲིས་པ་ཞིག་མ་ཡིན།


དུམ་བུ་གཉིས་པ་ནི། རིག་གནས་གསར་བརྗེའི་རླུང་རླབས་ཁྲོད་ནས་ལོ་རབས་བརྒྱད་ཅུའི་བར་ཡིན་ལ། དུས་ཚོད་དེའི་རིང་རི་མོའི་བརྗོད་བྱའི་ནང་། གུང་ཁྲན་རིང་ལུགས་ཀྱི་ཁྱབ་བསྒྲགས་མང་པོ་མཐོང་རྒྱུ་ཡོད། སྐབས་དེ་དུས་འབྲི་རྒྱུན་གྱི་བརྗོད་བྱར་རང་འདོད་ཀྱི་བརྩམ་བྱ་ནི་དེ་བས་མཐོང་དཀའ། འོན་ཀྱང་བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ནང་གཏན་སྡོད་བྱེད་པའི་སྒྱུ་རྩལ་བས་དུས་རིམ་དེའི་ནང་སྒྱུ་རྩལ་གྱི་གོ་སྐབས་ཇི་འདྲ་ཞིག་ལ་ངོས་འཛིན་པའི་རྨང་གཞིའི་ཐོག་བརྩམས་ཆོས་གང་ཞིག་བྲིས་ཡོད་མེད་ད་བར་བདག་གི་མིག་ལམ་དུ་ལོངས་སྤྱོད་རྒྱུའི་གོ་སྐབས་མ་བྱུང་བས་གནས་ཚུལ་ཁ་གསལ་ཞིག་ཞུ་མ་ཐུབ།


དུམ་བུ་གསུམ་པ་ནི། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་ནང་ནས་དུས་རབས་ཉེར་གཅིག་པའི་བར་ཡིན་པར་སེམས། དུས་ཚོད་དེའི་ནང་འཚར་ལོང་བྱུང་བའི་སྒྱུ་རྩལ་བའི་བརྩམ་བྱར་ལྟ་སྐབས་ལག་རྩལ་གྱི་རྣམ་པར་འགྱུར་བ་ཕྱིན་ཡོད་ཁར་ནང་དོན་ཁག་ལའང་འགྱུར་བ་ཕྱིན་པ་མངོན་ཐུབ། ནང་དོན་ཁག་ནང་སྒྱུ་རྩལ་པ་རང་ཉིད་ཀྱི་འདོད་ཚུལ་དང་ཕྱིའི་སྤྱི་ཚོགས་ལ་ལྟ་ཚུལ་སོགས་བརྩམ་བྱའི་ནང་གཞི་ནས་མངོན་རྒྱུ་ཡོད། དཔེ་མཚོན་ཙམ་ཞུས་ན། ངོས་རང་ ༡༩༩༥ ལོར་པོ་ཏ་ལའི་མདུན་ངོས་ཀྱི་མི་དམངས་སྒྱུ་རྩལ་ཐང་གི་ནང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་ཁག་གི་དགེ་སློབ་ཁག་གཅིག་གིས་འགྲེམས་སྟོན་ཞིག་བྱས་པ་དེར་བལྟ་བར་ཕྱིན་པ་ཡིན། འགྲེམས་སྟོན་དེའི་ནང་གི་བརྩམ་བྱ་ཞིག་ཁོ་བོས་ད་ལྟ་ཡང་གསལ་པོ་དྲན་གྱིན་འདུག་པ་ནི་ Snoker ༼སེ་ཎོག་ཁ༽ ཞིག་གི་སྟེང་ཞི་མི་ནག་པོ་ཁག་གཅིག་རྩེད་མོ་རྩེ་བ་དང་རྩེད་མོ་རྩེད་བྱེད་ཀྱི་སྤོ་ལོ་ནི་མིའི་ཀཱ་ལི་རེད་འདུག


དུམ་བུ་བཞི་པ་ནི། དུས་རབས་འདིའི་ལོ་རབས་འདིའི་ནང་ཡིན། ཆ་འཕྲིན་དང་། ཚན་རྩལ། གོ་ལ་ཧྲིལ་པོ་གཅིག་གྱུར་ཅན་དུ་འགྲོ་བ། སྤྱི་ཚོགས་དང་སྐྱེ་བོ་སྒེར་གྱི་རང་དབང་དང་བསམ་ཚུལ་ལ་གདེངས་འཇོག་བྱ་བའི་ད་ཆའི་འཛམ་གླིང་འདིར་ད་གཟོད་བོད་ཀྱི་དེང་དུས་སྒྱུ་རྩལ་བར་ཡང་དེ་མཚུངས་ཀྱི་འགྱུར་བ་ཆེན་པོ་ཕྱིན་ཡོད། སྤོབས་སེམས་དང་བློ་སྟོབས་ཆེན་པོའི་ངང་ཚོད་ལྟའི་རང་བཞིན་ལྡན་པའི་ཐོག་ནས་བོད་ཕྱི་ནང་གཉིས་སུ་གནས་པའི་སྒྱུ་རྩལ་བ་མང་པོས་ཕྱི་རྐྱེན་དང་ནང་རྐྱེན་སྣ་ཚོགས་འཕྲད་ནའང་། དེ་ལ་གདོང་ལེན་གྱིས་གོམ་པ་ཆེན་པོ་སྤོ་བཞིན་ཡོད།
སྒྱུ་རྩལ་པའི་བརྩམས་ཆོས་ཀྱི་ནང་དོན་ལ་འགྱུར་བ་ཕྱིན་པ་དང་། ལག་རྩལ་བེད་སྤྱོད་གཏོང་ཕྱོགས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་རེད། ཡང་སྒོས་རྩོམ་ཡིག་ཁག་མང་པོ་དུས་ཚོད་དང་ཕྱོགས་མཐུན་ཞིང་། དུས་བསྟུན་གྱི་རྒྱུ་ཆ་མི་འདྲ་དུ་མ་སྤྱད་ཡོད་པ་རེད།


ལྷ་སར་“དགེ་འདུན་ཆོས་འཕེལ་སྒྱུ་རྩལ་ཚོགས་པ་“གསར་བཙུགས་བྱས་པ་དང་། ཨ་མེ་རི་ཀར་“མེ་ལྕགས་རི་མོའི་ཚོགས་པ་“གསར་བཙུགས། ལོན་ཊོན་དུ་“ཇ་མངར་མོའི་སྒྱུ་རྩལ་དར་སྤེལ་ཁང་“སོགས་སྤྱི་སྒེར་མང་པོས་དོ་འཁུར་བྱས་པ་བརྒྱུད་བོད་ཕྱི་ནང་གཉིས་ཀྱི་སྒྱུ་རྩལ་བའི་བར་འབྲེལ་ལམ་དང་ཕན་ཚུན་བརྗེ་རེས་ཀྱི་བརྒྱུད་ལམ་ཞིག་སྒྲུབ་ཐུབ་ཡོད། ལྷག་པར་དུ་ད་ཆ་ངོ་དེབ་དང་(Facebook) བོད་ནང་ཀ་ཀ་༢༡ ཡིས་ཟིན་བྲིས་དྲྭ་རྒྱ་ལྟ་བུས་མཚོན་པས་བརྒྱུད་ལམ་སྣ་ཚོགས་ནས་སྒྱུ་རྩལ་པའི་རྣམ་དཔྱོད་གཏོན་པ་དང་ཕན་ཚུན་ཤན་ཤུག་གི་ནུས་ཐོན་བཞིན་ཡོད།


སྒྱུ་རྩལ་གྱིས་མི་རིགས་ཤིག་གི་ཤེས་རིག་དཔལ་ཡོན་གྱི་ཚད་གཞི་གང་ཙམ་ལ་སླེབས་ཐུབ་ཡོད་མེད་དང་། སྐྱེ་བོ་གང་ཞིག་གི་རང་ཉིད་འཚོ་སྡོད་ཀྱི་ཁོར་ཡུག་ལ་འཆར་བའི་བསམ་པའི་འགུལ་ཤུགས་ཤིག་ངོས་འཛིན་བྱེད་པ་ཡིན། དེང་དུས་སྒྱུ་རྩལ་གྱི་ལམ་ནས་རང་ཉིད་ཀྱི་རང་དབང་དང་། ཐོབ་ཐང་། རང་ཉིད་འཚོ་སྡོད་བྱ་སའི་ཁོར་ཡུག་གི་གནད་དོན་སོགས་ཕྱི་རོལ་ཡུལ་དང་ཐག་ཇེ་ཉེ་ཡོང་བར་བྱེད་པའི་བགྲོ་གླེང་གི་ལྡིང་ཆ་ཞིག་ཀྱང་ཡིན་པ་རེད།


རྩ་བའི་ཆར་ད་ཆ་བོད་ཀྱི་དེང་དུས་སྒྱུ་རྩལ་པ་དང་། ཁོང་ཚོའི་བརྩམས་ཆོས་ཁག་ལ་ཅུང་ཟད་དཀའ་ངལ་འཕྲད་བཞིན་ཡོད། དཀའ་ངལ་དེ་ནི་ལོང་སུ་སྤྱོད་མཁན་གྱི་སྤྱི་ཚོགས་ཤིག་དང་སྒྱུ་རྩལ་པ་རང་ཉིད་ཀྱི་བརྩམ་བྱའི་གནས་བབས། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་ལྡིང་ཆ་ཡོད་མེད་སོགས་ཡིན།


བོད་ཕྱི་ནང་གི་སྤྱི་ཚོགས་ནང་རི་མོའི་སྒྱུ་རྩལ་བར་གདེངས་འཇོགས་བྱེད་པའི་ཐབས་ལམ་ཞན་པོ་རེད། དེ་ན་འགྲེམས་སྟོན་བྱ་ས་ཉུང་བ་དང་། འགྲེམས་སྟོན་བྱས་ནའང་བོད་མིས་འགྲེམས་སྟོན་ལྟ་བར་ཡོང་མཁན་ཉུང་ཞིང་། བོད་མི་ཚོར་དེ་འདྲའི་གོམས་སྲོལ་ཞིག་ད་བར་ཆགས་ཐུབ་མེད་པ་རེད། སྤྱི་ཚོགས་ནང་ནུས་པ་དང་། སྤྱི་ཚོགས་ཁ་ལོ་སྒྱུར་ཐུབ་མཁན་གྱི་མི་སྣའི་ནང་། བོད་ཀྱི་དེང་དུས་རི་མོའི་སྒྱུ་རྩལ་ལ་དོ་སྣང་དང་། གདེངས་འཇོགས་བྱ་མཁན་ཉུང་ལ། ཤེས་ཡོན་ཅན་དང་། ཆབ་སྲིད་མི་སྣ། བླ་མ་སྐྱེས་ཆེན་དམ་པ་དང་། བོད་མི་དཀྱུས་མའི་ནང་ལ་དེང་དུས་བོད་ཀྱི་སྒྱུ་རྩལ་ལ་དོ་སྣང་ཞན་པ་དང་། རྩོམ་ཡིག་ཁག་ལ་དོ་སྣང་གིས་སྐྱོན་ཡོན་གྱི་བལྟ་ཚུལ་བཤད་མཁན་མེད་པ་དང་། ལྷག་པར་དུ་ཆེད་ལས་ཀྱི་སྐྱོན་ཡོན་འབྲི་མཁན་དེ་བས་ཀྱང་ནས་མེད་པ་རེད།


རི་མོའི་ལོ་རྒྱུས་སྨྲ་བ་བོད་རིགས་ནང་མེད་པ་དང་། བོད་སྐད་ཡིག་ཐོག་དེང་དུས་སྒྱུ་རྩལ་གྱི་བསྟན་བཅོས་དང་རྩོམ་འབྲི་བྱ་མཁན་མེད་པ། དེང་དུས་བོད་ཀྱི་སྒྱུ་རྩལ་འགྲེལ་བཤད་རྒྱབ་སྐབས་གཅིག་གྱུར་གྱི་ཐ་སྙད་མི་འདེངས་པ་དང་། བརྡ་ཆད་ཀྱི་ཐ་སྙད་ཚད་ལྡན་མེད་པ། སྒྱུ་རྩལ་བ་རང་ངོས་ནས་ཚོད་ལྟའི་རང་བཞིན་གྱི་ཐབས་ལམ་འགྲིམས་བཞིན་པའི་གནས་བབས་མང་བ། རྒྱལ་སྤྱིའི་སྟེང་ད་དུང་ཡང་བོད་ཀྱི་སྒྱུ་རྩལ་གྱི་ཐོག་ངོས་འཛིན་བྱ་མཁན་མང་བ་ནི་ཐང་ག་དང་ཆོས་ལུགས་ཁོ་ནས་དབང་བསྒྱུར་བའི་རིག་གཞུང་ལ་ངོས་འཛིན་པ་སོགས་ཡིན་ངེས།
འོན་ཀྱང་ངའི་བལྟ་ཚུལ་ལ་བོད་ཀྱི་དེང་དུས་སྒྱུ་རྩལ་བས་ཕྱོགས་ཡོངས་ནས་ལྟ་བ་སྲ་བརྟན་དང་། བོད་ཀྱི་ཞག་ཚི་ཡོད་པའི་“དེ་རིང་གི་བོད་ཀྱི་སྒྱུ་རྩལ་“ཞེས་པ་ཞིག་འཛམ་གླིང་གི་ལྡིང་ཆའི་སྟེང་ཚ་ཚ་ཧུར་ཧུར་གྱིས་མདུན་དུ་བསྐྱོད་པའི་ཕྱོགས་སུ་སྙེག་བཞིན་འདུག།


༡ ཨ་མདོ་བྱམས་པ་ལགས་ལྷན་དུ་ ༡༩༩༧ ལོར་བཅར་འདྲི་བྱས་པ་ཞིག་ལས་ལུང་དྲངས་པ་ནི།


དཔྱད་གཞིའི་བརྒྱུད་ལམ་ཁག


ཚེ་རིང་འོད་ཟེར་གྱི་དྲྭ་རྒྱ


མེ་ལྕགས་རི་མོའི་ཚོགས་པ།


ཇ་མངར་མོའི་དྲྭ་རྒྱ།


ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་།


ལོན་ཊོན་བོད་གནས་ཁྱབ་སྤེལ་ཁང་།


རི་མཐོ་ས་གཙང་།

Mittwoch, 17. März 2010

Wishing room - སྨོན་ལམ་ཁང་།

སྨོན་ལམ་ཁང་།

     མི་སུ་ཡིན་རུང་རང་ཉིད་ལ་འདུན་པ་དང་རེ་བ། ཡང་ན་མི་གཞན་དང་སྤྱི་ཚོགས་ཤིག་གི་འདུན་པ་མངོན་འགྱུར་ཡོང་བ་བཅས་བྱེད་པར་སྨོན་ལམ་རེ་འདོན་གྱི་ཡོད། སྨོན་ལམ་ཁང་ནི་ཡུལ་ཞིག་ཡིན་དགོས་ལ་གནས་ཤིག་ཡིན་དགོས། གནས་ཡུལ་དེ་ནི་སྨོན་ལམ་དང་རེ་འདུན་གང་རུང་དོན་སྨིན་ཡོང་བར་སྨོན་ལམ་འདེབས་ས་དེ་ཡིན།
      རིགས་གསུམ་མགོན་པོ་བརྗོད་གཞིར་བྱས་ནས་སྨོན་ལམ་ཁང་གི་དབུས་སུ་བཞུགས་ཁྲི་སྟོང་པ་ཞིག་བསྒྲིགས་པ་དང་། དེའི་མཐའ་འཁོར་ལ་ཀ་བ་གཉིས་ཅན་ལ་ཚོན་མདོག་གསུམ་ཡོད་པའི་ཤོག་བུ་བཀལ་པ་དང་། ཤོག་སྟེང་ལ་མི་སོ་སོས་སོ་སོའི་རེ་འདོད་དང་སྨོན་ལམ་རྣམས་གང་རུང་ཐོག་འབྲི་ཆོག་པ་དང་། དེ་རྣམས་དར་ལྕོགས་ནང་བཞིན་བཀལ་ཆོག དེ་ནི་གངས་ལྗོངས་ས་མཐོའི་སྟེང་ལབ་རྩེ་དང་ཁང་བའི་ཐོག་ཀ་ལ་སོགས་པར་མངོན་རྒྱུ་ཡོད་པའི་རླུང་དར་ཚོན་ཐུབ།
    སྨོན་ལམ་ཁང་གི་དབུས་སུ་བཞུགས་ཁྲི་སྟོང་པ་དེ་ནི་རྒྱུན་མར་ལ་རྩེར་མཇལ་རྒྱུ་ཡོད་པའི་དད་ལྡན་སེར་སྐྱ་ཕོ་མོ་ཀུན་གྱིས་སྙིང་དབུས་སུ་བཅངས་པའི་གངས་ཅན་མགོན་པོ་མཆོག་མགྱོགས་ནས་མྱུར་དུ་གངས་ལྗོངས་སུ་ཕེབས་རྒྱུར་རེ་འདོད་བྱ་བ་དེ་ཡིན།
    སྨོན་ལམ་ཁང་གི་ཟུར་ཆ་དང་གྱང་སྟེང་བརྙན་པར་བརྒྱུད་སྨོན་ཚིག་དང་སྙན་ཚིག་མཇལ་ཐུབ། བོད་མི་རིགས་དང་དུས་ནམ་ཡང་བྲལ་དུ་མེད་པའི་སྲོལ་མང་པོ་ཡོད་པའི་ནང་ནས་མ་ཎི་ལག་སྐོར་དང་མ་ཎི་ཆུ་སྐོར དེ་བཞིན་མ་ཎི་རླུང་སྐོར་ལ་སོགས་ཡོད་པ་ལས་འདི་ནི་མ་ཎི་གློག་སྐོར་མཚོན་ཆེད་ཡིན།
 ཁང་མིག་དེའི་གྱང་སྟེང་གཅིག་ལ་སྙན་ཚིག་དེ་ལྟར་བྲིས་ཡོད།
ལྟ་བ་རྟེན་འབྱུང་སེམས་ཀྱི་ཕྱོགས་ཚུལ་དང་།
སྤྱོད་པ་འཚེ་མེད་ཞི་བའི་སྲོལ་བཟང་གཉིས།
གངས་ཅན་མེས་པོའི་མཛད་རྗེས་ཤུལ་བཞག་དེ།
ཡངས་བའི་འཛམ་གླིང་ཁྱོན་ལ་ཁྱབ་གྱུར་ཅིག
དགེ་འོ།།
Der Raum der Wünsche

Jeder Mensch hat Wünsche oder Hoffnungen für sich selber oder die Gesellschaft. Alle
Menschen hoffen, dass sich diese Wünsche erfüllen mögen; viele beten dafür oder bitten
darum. „Der Raum der Wünsche“ ist der Ort, um diesen Wünschen Ausdruck zu geben. Hier
wird die tibetische Vorstellung der „Ri g sum gönpo“ – die Bitte an die drei Schutzherren
Majushri , Vajrapani und Aval okiteshvara – thematisiert.
In der Mitte des Raumes steht ein leeres Podest. Links und rechts davon ist jeweil seine
Säule. Papiere in drei verschiedenen Farben hängen ringsum: Rostrot, Graublau und weiß.
Dies sind die Symbol farben der drei Schutzherren, die auch die drei Zeiten – Vergangenheit,
Gegenwart, Zukunft – verkörpern. Auf dem Papier können die Besucher der Ausstellung ihre
Wünsche, Hoffnungen und Reue in jeder Sprache oder i n Form von Symbolen darstellen. Sie
werden dann wie Gebetsfahnen – Lungtas – angebracht, so wie in Tibet auf den Pässen oder
auf den Dächern der Häuser. Das Podest in der Mitte des Raumes symbolisiert den „leeren
Thron“ auf Tibets Pässen, umgeben von Gebetsfahnen, an dem di e Tibeter von Herzenwün-
schen, dass ihr „Wunscherfüllendes Juwel “, der 14. Dalai Lama, zurückkehren möge.
In den Ecken und an der Wand des Wunschraumes, gibt es eine Videoinstallation, die vom
Künstler kaligraphierte Wünsche und Gedichte zeigt. Es gibt Gebräuche, die ewig mit den
Tibetern verbunden sein werden: Darunter sind die Mani Lhakor1, Mani Chu khor2 und Mani
lung kor3. Hier ist es ein Mani log kor4.
1 Die so genannte „Gebetsmühle“
2 Gebetstrommel n, di e mi t Wasserkraft angetrieben werden
3 Gebetstrommel n, di e durch Windkraft angetrieben werden
4 Gebete, die Kraft des Beamers bewegt werden ”Prayer flags and a throne on a pass i n Southern Tibet“,


Lebenskonzept

Die Denkweise des Konzeptes der gegenseitigen Abhängigkeit,
und die Verhaltensweise der Gewaltlosigkeit
sind das Erbe aus dem Schneeland,
möge dieses in der Welt verbreitet werden,