Mittwoch, 23. Dezember 2009
མི་ཡུལ་ནས་བཅངས།
འཁེར་རྐྱང་གི་ལོ་ཟླའི་ནང་། འཁེར་རྐྱང་གི་འཚོ་བར་རོལ།
འཁེར་རྐྱང་གི་མི་ཚེའི་ནང་། འཁེར་རྐྱང་གི་མི་རྟག་་བསམ།
འཁེར་རྐྱང་གི་གཞན་ཡུལ་དུ། འཁེར་རྐྱང་གི་ཟས་ལ་སྤྱད།
འཁེར་རྐྱང་གི་གདུང་བའི་ཁྲོད། འཁེར་རྐྱང་གི་མཆི་མ་བཏང་།
དྲན་བྱུང་།
མཛེས་པའི་གངས་ལྗོངས། དགའ་པའི་ཕ་ཡུལ། སྐྱིད་པའི་ཡུལ་གྲུ།
ཕ་མེས་ཀྱི་ཞིང་ས། ཆུང་འདྲིས་འགྲོགས་ས། གཅེས་པའི་ཕ་ས།
ཅི་ཞིག་གི་སླད་དུ། གང་ཞིག་ལ་བརྩོན།
ཅི་ཞིག་གིས་སྐུལ་བས། གང་ཞིག་ལ་བསམ།
སྐྱོ་གདུང་གི་མཆི་མའི་ཁྲོད། སེམས་སྡུག་གི་གླུ་ཆུང་རེ་བླངས།
ཞེ་འདོད་ཀྱི་ཞིང་ས་རུ། ཤུགས་བྱུང་གི་འབད་པར་བརྩོན།
དེ་དུས།
མགྲིན་དབྱངས་ཅི་བླངས་རུང་། ཕ་ཡུལ་དྲན་པའི་དབྱངས།
བསམས་གཞིགས་ཅིར་མནོ་རུང་། ཕ་ཡུལ་ཁོ་ནར་དམིགས།
དེ་དུས།
དབང་མེད་རྒྱང་རིང་ལ་བལྟ་བཞིན།
བཅོས་མིན་གྱིས་རང་ཉིད་ལ་ཁངས་ར་རེ་བྱ་བཞིན།
དབུགས་རིང་རེ་འབྱིན།
རྒྱང་རིང་གི་ཕ་ས། དྲན་སྡུང་གི་གཞི་མ།
མི་ཚེ་ཡི་བརྟེན་གཞི། སེམས་ཤུགས་ཀྱི་དཔངས་རྟགས།
གངས་ལྗོངས། ཁྱེད་ནི་བདག་གི་རེ་བའི་རྐང་ལག་དང་།
མ་འོངས་པའི་མདུན་པ། བླ་སྲོག་གི་བྱེད་པོ།
ཁྱེད་ནི་བདག་གི་ཡོད་ཚད་ཀྱི་བདག་པོ་ཡིན།།
Abonnieren
Kommentare zum Post (Atom)
Keine Kommentare:
Kommentar veröffentlichen