སྤྱིར་དམངས་གཙོའི་ལམ་ལུགས་སྲ་བརྟན་ཡོང་བ་དང་། ཡང་དག་པར་འགྲུབ་པ། སྒོ་གང་ས་ནས་ཚད་མཐོན་པོར་ལོངས་སུ་སྤྱོད་ཐུབ་པའི་སླད་དུ། གནད་དོན་ལ་དཔྱད་བརྗོད་དང་། སྦས་བསྐུངས་མེད་པར་བགྲོ་གླེང་ཁ་གསལ་བྱ་དགོས་ཤིང་། དེ་དག་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཁག་ཡིན། དེས་ན་ལྟ་བ་དེ་གཞིར་བཟུང་ཐོག་རང་གི་བསམ་ཚུལ་ཁག་ཞུ་བར་འདོད་པས། ཐོག་མར་ཁོང་ལ་སྔོན་འགྲོའི་འོས་དེ་འདྲ་མང་པོ་ཐོབ་པའི་རྒྱུ་མཚན་བརྗོད་ན། དེ་ནི་གཙོ་བོ་རྣམ་པ་གསུམ་དུ་མཐོང་སྟེ།
༡ ཁོང་གི་ཤེས་ཡོན་ལག་ཁྱེར་དང་འབྲེལ་བ།༼ཧར་ཝར་ཌིའི་འབུམ་རམས་པ། Harvard, Ph D.༽
༢ འོས་ཤོག་འཐོབ་ཐབས་སུ་ལས་འགུལ་སྣ་ཚོགས་སྤེལ་ཕྱོགས།
༣ "བོད་ཀྱི་ཨོ་བྷ་མ།"དང་"རྒྱ་ནག་གི་ཨོ་བྷ་མ་"ཞེས་པའི་འབོད་ཚིག་བསྒྲགས་ཏེ་གྲགས་ཅན་ཆབ་སྲིད་མི་སྣ་གཞན་དང་མཚུངས་བསྡུར་བྱས་པ་བཅས་གསུམ་ཡིན།
༡ ཤེས་ཡོན་ལག་ཁྱེར་ཚད་མེད་ངོམ་པ།༼ཧར་ཝར་ཌིའི་འབུམ་རམས་པ།༽
གོ་ལ་ཧྲིལ་པོ་འདིའི་སྟེང་ང་ཚོ་དང་དུས་རབས་མཉམ་པའི་ཆབ་སྲིད་མི་སྣའི་ཁྲོད་དུའམ། ཡང་ན་ཆབ་སྲིད་པ་བྱེད་འདོད་པའི་མི་སྣའི་ཁྲོད་དུ་ཆབ་སྲིད་ཀྱི་དགོས་མཁོ་བསྒྲུབ་པའེ་ཆེད་དུ་ཤེས་ཡོན་ལག་ཁྱེར་བསྐྱར་སྐོར་ཡང་སྐོར་བྱེད་དེ་བརྗོད་མཁན་ནི་ད་བར་བློ་བཟང་སེང་གེ་ལགས་མ་གཏོགས་བྱུང་མེད་ཅེས་བརྗོད་ནའང་ཧ་ལམ་ཐལ་ཆ་མེད།
ཤེས་ཡོན་ལག་ཁྱེར་ངོམ་བཞིན་པའི་འབུམ་རམས་པ་བློ་བཟང་སེང་གེ་ལགས་ཀྱིས་འོས་ཤོག་སློང་བའི་དྲིལ་བསྒྲགས་ཆེད་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། གདན་ས་ཁག དེ་བཞིན་གསར་འགྱུར་བརྒྱུད་ལམ་བཅས་པར་ཡང་ནས་བསྐྱར་དུ་བརྗོད་རྒྱུའི་དོན་ཞིག་ནི། ཁོང་ཉིད་བོད་མི་ས་ཡ་དྲུག་གི་དཀྱིལ་ནས་ཧར་ཝར་ཌི་ནས་ཐོན་པའི་ཆེས་ཐོག་མའི་འབུམ་རམས་པ་དེ་ཁོ་ན་ཡིན་པ་མ་ཟད། ཧི་མ་ལ་ཡའི་རི་བརྒྱུད་དུ་གཏོགས་པའི་ས་ཁུལ་ཡོངས་ནས་ཀྱང་ཁོང་ཉིད་ལས་བྱུང་མྱོང་མེད་ཅེས་ཆུ་མ་ཎི་འདོན་པ་ལྟར་བཤད་མུས་རེད། ངམ་བཤད་དེ་ལ་བརྟགས་ན་བོད་མི་ཚོས་ཁོང་གི་འབུམ་རམས་པའི་ལག་ཁྱེར་དེར་ཆ་འཇོག་འདེང་ངེས་པ་ཞིག་མི་འདུག་སྙམ་པའི་སེམས་འཁྲལ་ཞིག་ཁོང་གི་བློ་སྦུབས་ན་ཡོད་པ་མངོན་པ་དང་། གཉིས་ནས་བྱེད་སྟངས་དེ་ནི་བོད་མི་ཕལ་པ་ཚོའི་བསམ་བློ་འགུག་པའི་ཐབས་ལམ་ཞིག་ཡིན་པར་མཚོན། དེ་མཚོན་པ་ཙམ་དུ་མ་ཟད། ད་ཆ་གྲུབ་འབྲས་ཀྱང་ངེས་ཐོན་བྱུང་ཡོད།
བློ་སེང་གིས་འབུམ་རམས་པའི་ལག་ཁྱེར་དེའི་གོ་དོན་ཁ་གསལ་ཡོང་སླད། འགྲེལ་བཤད་སྣ་ཚོགས་རྒྱག་བཞིན་ཡོད། སྐབས་རེ་ལག་ཁྱེར་དེ་ནི་དགེ་བཤེས་ལྷ་རམས་པ་དང་གཅིག་མཚུངས་ཡིན་གསུངས་བཞིན་ཡོད། ༼གཏམ་གླེང་ཞལ་པར་ཐོག ༢༠༡༠་༡༢་༣ ལ་གསན་རོགས་གནང་།༽ འགྲེལ་བཤད་དེ་ལྟར་བྱེད་དགོས་དོན་ནི། བློ་སེང་རང་ཉིད་རང་ཉིད་ཀྱི་འཇོན་ཐང་ལ་ཧ་ལས་ཧོན་ཐོར་ཏེ་གནས་ཡོད་པ་ཇི་བཞིན་དུ་བོད་མི་ཚོས་དེ་ལྟར་གནང་གི་མི་འདུག་སྙམ་ཡོད་པས་རེད།
གང་ལྟར་ཡང་ཁོང་གི་གཏམ་བཤད་གནང་ཕྱོགས་དང་། རྔམ་སྟོན་གནང་སྟངས་དེ་ནི་ཤེས་ལྡན་པ་ཞིག་དང་། རྣམ་དཔྱོད་ཡོད་མཁན་གྱི་གནང་ཕྱོགས་ལས་ཐ་དད་ཡིན་པར་ངས་མཐོང་ལ། བློ་གཟུ་བོར་གནས་པའི་བསམ་ཡོད་ཀྱི་རང་རིགས་པ་མང་པོ་ངོ་ནོངས་དགོས་པའི་རྒྱུ་ཞིག་གྲུབ་ཡོད།
དེས་ན་ད་ལམ་འོས་མིའི་ལས་འགུལ་ནང་མཉམ་བཞུགས་སྐབས་ཁོང་གིས་ཧར་ཝར་ཌི་སློབ་ཐོན་ཡིན་པའི་གནས་ཚུལ་ཡང་ཡང་གླེང་བའི་རྒྱུ་མཚན་དེ་ཁོ་ན་ཙམ་ཆགས་ཡོད་པར་བརྟེན། ངས་ཀྱང་ཁོང་ཧར་ཝར་ཌི་རུ་སླེབས་ཕྱོགས་ཐད་ཀྱི་གནས་ཚུལ་ཅུང་ཟད་ཅིག་འབྲི་རྒྱུ་ཡིན།
ཧར་ཝར་ཌི་ནི་འཛམ་གླིང་ཤེས་ཡོན་གྱི་སྡིངས་ཆའི་ཐོག་རྩེ་ཕུད་འཛིན་སའི་གཙུག་ལག་སློབ་ཆེན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་སའི་གོ་ལ་ཧྲིལ་པོ་འདིའི་ཡུལ་གྲུ་གང་སར་སྙན་གྲགས་ཆེ་བའིོ་གཙུག་ལག་སློབ་ཆེན་དུ་མ་ཡོད་ཅིང་། ཡང་དགོས་སུ་ཡོ་རོབ་ཡུལ་གྲུའི་གཙུག་ལག་སློབ་གྲྭ་ཁག་ནས་མིའི་རིགས་ཀྱི་ལོ་རྒྱུས་ནང་བྱས་པ་ཆེ་བའི་ཚན་རིག་པ་དང་བསམ་བློ་བ་ཆེན་པོ་གྲངས་ལས་འདས་པ་བྱུང་ཡོད་པ་ནི། དཔེར་ན། ཌར་ཝིན་(Darwin)དང་། ཨ་འིན་སི་ཊན།(Einstein) ནེའུ་ཊོན་(Newton)ལ་སོགས་པ་ཡིན། དེར་བརྟེན་ཡོ་རོབ་ཀྱི་གཙུག་ལག་སློབ་ཆེན་ཁག་གིས་ཐོག་མཐའ་བར་གསུམ་དུ་མདུན་བགྲོད་པའི་གནས་རིམ་བཟུང་ཡོད་ལ་ད་ལྟ་བཟུང་མུས་ཀྱང་རེད།
སྤྱིར་འབུམ་རམས་པའི་ལག་ཁྱེར་ལ་རིགས་མི་འདྲ་བ་དུ་མ་ཡོད་ཅིང་། དཔེར་ན་རང་བྱུང་ཚན་རིག་ཐོག་ཐོབ་པའི་འབུམ་རམས་པ་རྣམས་ནི་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་དུས་ཚོད་དང་ནུས་པ་ཧ་ཅང་འདོན་དགོས་ཀྱི་ཡོད། དེར་བརྟེན་འབུམ་རམས་པའི་ལག་འཁྱེར་ཐོབ་ཐབས་ལའང་ནུས་པ་འདོན་སྟངས་དང་། རིག་པ་འགྲིམ་ཕྱོགས་མི་འདྲ་བ་ཡོད་པས་ན་འབུམ་རམས་པའི་མཚན་ཁག་གཅིག་ནི་ལས་སླ་པོའི་ཐོག་ནས་རག་གི་ཡོད་པ་ལས། འབུམ་རམས་པའི་མཚན་ཡོད་པ་ཙམ་གྱི་ཐམས་ཅད་མཁྱེན་པར་མི་གྲུབ་པར་སྙམ།
བློ་བཟང་སེང་གེ་ལགས་ཇི་ལྟར་བྱས་ནས་ཧར་ཝར་ཌི་རུ་ཚུད་ཡོད་དམ།
གནད་དོན་ཁ་གསལ་ཤེས་མཁན་ཚོས་ད་བར་དངོས་ཤུགས་བརྒྱུད་གསུམ་ནས། བློ་སེང་ལགས་ཧར་ཝར་ཌི་རུ་ཇི་ལྟར་ཚུད་པའི་ཐད་གནས་ཚུལ་སྣ་མང་མཁོ་འདོན་བྱས་ཡོད་པས་འདིར་མང་པོ་འབྲི་བའི་ངལ་བ་མི་བསྟེན། གང་ལྟར་ཁོང་རང་དཀའ་ལས་ཧ་ཅང་བརྒྱབ་མ་དགོས་པར་དམིགས་བསལ་བོད་མི་ཚོར་དམིགས་པའི་ཤེས་ཡོན་སློབ་མའི་མིང་ཐོག་ནས་འགྲོ་ཐུབ་ཡོད་ལ། རླུང་རྟ་རྒྱུགས་པ་རེད་ཅེས་བརྗོད་ནའང་འདྲ། ཉེ་དགའ་ཕྱོགས་ཞེན་རེད་ཅེས་བརྗོད་ནའང་འདྲ། གང་ལྟར་གདམ་བྱའི་ཐོ་གཞུང་དུ་ཁོང་རང་ཨང་རིམ་དགུ་པ་ཡིན་བཞིན་དུ། ཁོང་གི་དགའ་ཕྱོགས་པས་ཁོང་ལ་རིན་ཆེན་ནོར་ལས་ལྷག་པའི་གོ་སྐབས་རྩ་ཆེན་ཞིག་གནང་ཡོད།
ཁོང་གིས་ "༡༩༥༩ ནས ༢༠༠༥ བར་གྱི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་དང་། དམངས་གཙོའི་འཕེལ་རིམ་" ཞེས་པའི་བརྗོད་གཞིའི་ཐོག་འབུམ་རམས་པའི་རྩོམ་ཡིག་དེ་བྲིས་ཡོད། དྲང་པོར་བརྗོད་ན་གོ་སྐབས་དེ་ལྟ་བུ་ཐོབ་མཁན་གྱི་བོད་མི་སུས་ཀྱང་བརྩམ་བྱ་དེའི་ཐོག་ལས་སླ་པོར་འབྲི་ཐུབ་རྒྱུ་རེད་བསམ་གྱི་འདུག དེ་ལྟར་ཡིན་རུང་ཁོང་གིས་དེར་དུས་ཚོད་ལོ་མང་བཏང་ཡོད་ཅིང་། འོད་སྟོང་འབར་བའི་གོ་སྐབས་སྤྱད་དེ་བརྩམས་པའི་རྩོམ་ཡིག་བཀླགས་མྱོང་མཁན་ཚོས་ཁོང་གི་རྩོམ་དེ་ཚད་གཞི་མཐོ་ལ་སྤུས་དག་པའི་ཞིབ་འཇུག་བརྩམས་ཆོས་ཤིག་ལ་གདེང་འཇོག་བྱེད་ཀྱི་མི་འདུག
ང་ཚོའི་སྤྱི་ཚོགས་ནང་ངོ་གནོང་མི་དགོས་པར་འབུམ་རམས་པའི་ལག་ཁྱེར་ཡོད་མཁན་དུ་མ་ཡོད་ལ། ལྷག་པར་དུ་སློབ་དཔོན་གྱི་མཚན་སྙན་ཡོད་མཁན་ཡང་མང་པོ་ཡོད་པ་དཔེར་ན། སློབ་དཔོན་ཟམ་གདོང་རིན་པོ་ཆེ། སློབ་དཔོན་པདྨ་རྒྱལ་པོ། སློབ་དཔོན་ངག་དབང་ཕུན་ཚོགས། སློབ་དཔོནའཕྲིན་ལས་དོན་གྲུབ། སློབ་དཔོན་ཚེ་རིང་ཤཱཀྱ། སློབ་དཔོན་ནམ་མཁའ་ནོར་བུ། སློབ་དཔོན་ཨ་ཡ་པ་སངས་ཡོན་ཏན་སོགས་ཡོད་ཅིང་། གཞི་ལུས་བོད་མིའི་ཁོངས་སུ་ཡོད་པའི་སློབ་དཔོན་མང་དག་ཡོད་པ་ཁོང་རྣམ་པའི་མཚན་འདིར་གླེང་རྒྱུ་མིན།
དེ་ན་ཧར་ཝར་ཌི་རང་ལ་མཚོན་ནའང་བོད་པའི་འབུམ་རམས་པ་གཞན་ཡོད་པ་དཔེར་ན་བུད་མེད་འབུམ་རམས་པ་བཀྲ་ཤིས་རབ་རྒྱས་ལྟ་བུ་ཡིན་ལ། བཀྲ་ཤིས་རབ་རྒྱས་ནི་བློ་སེང་དང་མི་འདྲ་བར་རང་གི་ཤེས་འཇོན་ཉག་ཅིག་ལས་ཧར་ཝར་ཌི་གཙུག་ལག་སློབ་ཆེན་དུ་ཚུད་པ་ལས། བློ་སེང་བཞིན་དུ་བཟང་པོ་ལག་སྦྲེལ་གྱི་སྒོ་ནས་ཕེབས་པ་དེ་འདྲ་མིན།
གོང་ཞུས་ཀྱི་བོད་རིགས་སློབ་དཔོན་དང་འབུམ་རམས་པ་ཁོང་རྣམ་པ་དང་། རྒྱལ་གཅེས་ལྷག་བསམ་ཅན་གྱི་སྐྱེ་བོ་ཕོ་མོ་མང་པོས་ལོ་མང་རིང་ཁུ་སིམ་མེར་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ཁྱབ་ཁོངས་སམ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་སོགས་སུ་ལྷག་བསམ་རྣམ་པར་དག་པའི་རྒྱབ་རྟེན་ཐོག་སོ་སོར་འཁྲིད་པའི་ལས་འགན་རྣམས་བོད་མིའི་བདེ་སྡུག་ཆེད་ཧུར་ཐག་ཞབས་འདེགས་ཞུ་བ་ལས། འུར་སྒྲ་དང་ཁྲོམ་བསྒྲགས་ཀྱིས་མ་བྱས་བྱེད་མདོག་དང་། མ་ཡོད་ཡོད་མདོག་གི་ཚུལ་འཆོས་དེ་རིགས་སྟོན་གྱིན་མེད།
བློ་སེང་ལགས་ཀྱི་ངོམ་བཤད་དེ་ཚོ་ལས། ཁོང་ནི་ཤེས་ལྡན་པའི་འདུལ་སེམས་དང་མི་ལྡན་ཁར་བོད་མི་དཀྱུས་མའི་ཁྲོད་དུ་ཁེངས་སེམས་ཕྱིར་སྟོན་བྱེད་པ་གསལ་པོ་ཡིན།
"རང་ལ་རིན་ཐང་ཡོད་ན། གོང་ཐང་མི་ཡི་རྒྱབ་ཡོང་།" ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བྲིས།
༢ འོས་ཤོག་འཐོབ་ཐབས་སུ་ལས་འགུལ་སྣ་ཚོགས་སྤེལ་བ།
བློ་སེང་ལགས་རྒྱུད་མངའ་ཡོད་པའི་མི་ཚོས་བཤད་པ་ལྟར་ན། བློ་སེང་ལགས་ཀྱིས་ ༢༠༠༥ ནས་བཟུང་བཀའ་བློན་ཁྲི་པའི་ཁྲི་དེ་རག་ཐབས་ཀྱི་སྟ་གོན་ལ་གཟབ་ཞུགས་བྱས་ཡོད་ཟེར། ངས་བལྟས་ནའང་དེ་ལྟར་དུ་མཐོང་། དེས་ན་ཁོང་གི་སྟ་གོན་བྱང་ཆུབ་པ་བྱ་ཚུལ་རྣམས་གཤམ་དུ་འགོད་རྒྱུ་ཡིན།
དང་པོ། དཔལ་འབྱོར་གྱི་རྒྱབ་རྟེན་གྱ་ནོམ་པ་ཡོད་པ།
གཉིས་པ། གཞོན་ནུ་ཚོའི་རྣ་བར་འདོད་པའི་སྐད་ཆ་བླུགས་པ།
གསུམ་པ། བོད་མི་ཚོ་གནས་སྐབས་མགོ་བོ་རྨོངས་སུ་བཅུག་པ། བཅས་ཡིན།
བློ་སེང་ལགས་ལ་ཡོད་ཅིང་། བཀའ་བློན་ཁྲི་པའི་འོས་མི་གཞན་སུ་ལའང་མེད་པའི་རྒྱབ་རྟེན་གཅིག་ནི་ཁོང་གི་དཔལ་འབྱོར་གྱི་ནུས་པ་དེ་རེད། དཔལ་འབྱོར་གྱི་རྒྱབ་རྟེན་ལ་བརྟེན་ནས་ཁོང་གིས་ད་བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། ཡོ་རོབ་ཁུལ་གནས་བོད་མིའི་གཏན་གཞིས། ཨ་མི་རི་ཁའི་བོད་རིགས་ཡོད་པའི་ས་ཁུལ་ལ་སོགས་པར་དཀའ་ཚེགས་མེད་པར་སྐོར་བསྐྱོད་བྱས་ཐུབ་ཡོད།
ལས་འགུལ་སྐོར་བསྐྱོད་དང་འབྲེལ་གཏམ་བཤད་གནང་བའི་བརྒྱུད་རིམ་ནང་། ཁོང་གིས་ཡང་ཡང་འགྲེལ་བརྗོད་བྱས་པའི་སྐད་ཆ་གཅིག་ནི། ཁོང་རང་ས་གནས་སོ་སོར་ཉམས་མྱོང་གསོག་རྒྱུ་དང་བདེ་སྡུག་ཉན་རྒྱུར་ཡོང་ཡོད་ཅེས་བཤད་ཡོད།
འོན་ཀྱང་དོན་དངོས་ཐོག་ས་ཆ་དེ་ཚོར་སྐོར་བསྐྱོད་བྱས་པ་ནི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་གོ་ས་དེ་ཁོ་ནའི་ཆེད་དུ་རྙེགས་པ་རེད་སྙམ།
ང་ཚོ་བཙན་བྱོལ་བས་བགྲོད་བཞིན་པའི་དམངས་གཙོའི་ལམ་བུ་དང་། བཀའ་བློན་ཁྲི་པའི་འོས་བསྡུའི་ལམ་སྲོལ་དག་གཙང་ཡོང་བའི་སླད། མི་སྒེར་དང་། ཚོགས་སྡེ། གཞུང་འབྲེལ་ལས་ཁུངས་གང་ཞིག་གིས་འོས་མི་སུ་ལ་དཔལ་འབྱོར་གྱི་རྒྱབ་རྟེན་མཁོ་སྤྲོད་བྱེད་པ་ཕྱི་གསལ་ནང་གསལ་ཆགས་དགོས་པར་མཐོང་། དེ་བས་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་རྒྱུའི་ལས་འགུལ་གྱི་ཆེད་དུ་བཏང་བའི་དཔལ་འབྱོར་གྱི་འབྱུང་ཁུངས་ཤེས་རྒྱུ་འགག་རྩ་ཆགས་ཡོད་ཀྱང་ད་བར་འབུམ་རམས་པ་བློ་སེང་ལགས་ཀྱིས་རྩིས་ཁྲ་ཁ་གསལ་ཞིག་ཕྱིར་བསྒྲགས་བྱས་མེད་པ་རེད།
བློ་སེང་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་འབོད་ཚིག་ལ་"འགྱུར་བ།" དང་། དྲིལ་བསྒྲགས་ཤོག་བྱང་ཐོག་ཨོ་བྷ་མའི་སྲིད་འཛིན་འོས་བསྡུའི་སྐབས་ཀྱི་ཚོད་གཞི་འདམས་པ་དེ་ལ་དཔེ་བླངས་ཡོད། བྱེད་ཕྱོགས་དེ་ནི་ན་གཞོན་ཚོའི་བསམ་པ་འགུག་ཐབས་དེ་རང་རེད།
རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་ཁག་ངག་ཐོག་ཏུ་འདོན་ཐུབ་པའི་འབུམ་རམས་པ་བློ་བཟང་སེང་གེ་ལགས་ཀྱི་གཏམ་བཤད་རྣམས། བོད་མི་དཀྱུས་མ་ཞིག་གིས་ཉན་སྐབས་བློ་སེང་ལགས་ཀྱི་ངག་སྐྱོར་ནུས་པ་དེ་ལ་ཁོང་ཚོ་ངོ་མཚར་ཧ་ཅང་སྐྱེ་བགྱི་ཡོད། དེ་ནི་བློ་སེང་ལགས་ཀྱི་ལོ་མང་རིང་གྲ་སྒྲིག་བྱས་པའི་གྲུབ་འབྲས་གཅིག་རེད་ལ། ཁྱད་ཆོས་འདིའི་སྒོ་ནས་ཁོང་གིས་བོད་མི་དཀྱུས་མ་ཚོ་ཧང་སང་དུ་བཅུག་གི་ཡོད།
འོན་ཀྱང་ངག་སྐྱོར་དེ་ཙམ་ཐུབ་པས་ད་གཟོད་བཀའ་བློན་ཁྲི་པའི་སྐུ་འགན་བཞེས་ཐུབ་བམ་ཞེ་ན། ང་ཚོར་དགོས་རྒྱུ་ནི་ཤེས་ཡོན་ཡོད་པ་ཙམ་མ་ཡིན་པར། ལོ་མང་རིང་སྤྱི་ཚོགས་ནང་ཕྱག་ལས་གནང་སྟེ་ཉམས་མྱོང་གི་གཞི་མ་བརྟན་པ། འཛིན་སྐྱོང་དང་འབྲེལ་བའི་ལས་དོན་སྒྲུབ་པའི་གོམས་བྱང་མཐོ་བ། ཆབ་སྲིད་ཀྱི་སེམས་ཁམས་བྱང་ཆུབ་པ་ཞིག་དགོས་པ་ལས། གསར་དུ་ཉམས་མྱོང་གསོག་མཁན་ཞིག་དང་། སོ་སོས་སོ་སོར་ཡིད་མོས་དང་ཧང་སང་མཁན་ཞིག་དགོས་པ་ཨེ་ཡིན།
༢༠༡༡་༡་༨ ཉིན་བྷོ་སེ་ཊོན་(Boston)བོད་མིའི་སྤྱི་མཐུན་ཚོགས་པ་ནས་བློ་སེང་ལགས་བཀའ་བློན་ཁྲི་པའི་འོས་མིར་རྒྱབ་སྐྱོར་ཡོད་མེད་ཐད་ཀྱི་ཡི་གེ་ཞིག་བོད་ཀྱི་སྲིད་དོན་བསྐྱར་ཞིབ་(Tibetan Political Review) ཅེས་པའི་དྲྭ་རྒྱར་མཐོང་རྒྱུ་ཡོད་ལ། དེར་གཏམ་དཔེ་འདི་འདྲ་ཞིག་ཀྱང་ཀློག་རྒྱུ་འདུག་སྟེ། "དེ་རིང་གི་རྫུན་གྱིས་སང་ཉིན་མི་འཁྱོལ།"དེ་ནི་གནད་ཆེ་བར་སེམས་སོ།། ཀློག་མཁན་ནང་ཐུགས་བཞེད་གནང་མཁན་ཡོད་ཚེ་ཞིབ་པར་དྲྭ་རྒྱར་གཟིགས་པར་ཞུ།
ལོ་རྒྱུས་ཡུན་རིང་མིན་པའི་ང་ཚོའི་དམངས་གཙོའི་ལམ་ལུགས་དེ་དང་། ང་ཚོས་ལོངས་སུ་སྤྱོད་བཞིན་པའི་དམངས་གཙོའི་བརྒྱུད་རིམ་དེ་ལ་ནན་ཏན་གྱིས་ཐོག་ནས་ཡིད་ཟབ་མ་བྱས་ན། ད་གཟོད་སྲིད་སྟོན་པའི་མགོ་སྐོར་གཏོང་ཡུལ་གྱི་བྲན་གཡོག་ལ་མི་འགྲོ་བ་མི་སྲིད་ལ། དེ་ནི་ཐེངས་འདིའི་འོས་བསྡུ་དང་འབྲེལ་བའི་གནས་སྟངས་ལས་གནས་ཚུལ་ཁག་གཅིག་མངོན་ཐུབ་ཀྱི་འདུག
དེར་བརྟེན་བློ་བཟང་སེང་གེ་ལགས་ཀྱི་གདམས་ངག་བཞི་ཡོད་པས་ དེ་རྣམས་རེ་རེ་ནས་ཞུ་ན།
གདམས་ངག་དང་པོ། དགེ་འདུན་པ་མང་པོར་འདོད་པའི་ཁམས་པའི་གདམས་ངག
གདམས་ངག་གཉིས་པ། དད་ཅན་པས་འདོད་པའི་༧ གོང་ས་མཆོག་ཁ་རུ་ཁྱེར་བའི་གདམས་ངག
གདམས་ངག་གསུམ་པ། ཡིག་རྨོངས་པས་འདོད་པའི་ཧར་ཝར་ཌི་ཡི་འབུམ་རམས་པའི་གདམས་ངག
གདམས་ངག་བཞི་པ། གཞོན་ནུའི་བློ་འགུག་པའི་རང་བཙན་གྱི་གདམས་ངག་བཅས་རེད།
ད་བར་ཁོང་གིས་ས་ཆའི་གནས་བབས་དང་ཉན་པ་བོའི་ཡིད་དབང་ལ་བསྟུན་གང་ཐུབ་ཀྱི་སྐད་ཆ་བཤད་ཡོད། དེར་བརྟེན་གོང་གི་གདམས་ངག་དང་པོའི་བརྗོད་བྱ་དང་འབྲེལ་བ་ཡོད་པ་ཞིག་ནི་ལུང་ཚན་ཕྱོགས་ཞེན་རིང་ལུགས་པའི་བསམ་པ་དེ་རེད།
ལྟ་བ་དེ་ནི་ད་ལམ་བློ་སེང་ལགས་ཀྱི་ལས་འགུལ་ནང་དངོས་ཤུགས་བརྒྱུད་གསུམ་ནས་མངོན་ཡོང་གི་འདུག
རང་ཉིད་ལ་འོས་ཐོབ་རྒྱུའི་སླད་དུ་ཕྱོགས་ཞེན་རིང་ལུགས་པའི་བསམ་པ་དང་ལྟ་བ་བེད་སྤྱོད་བྱེད་པ་དེ་ནི་སྤྱི་ཚོགས་ཀྱི་འགན་འཁུར་མ་བླངས་པ་དང་མི་རིགས་ཀྱི་ཆགས་འཇིག་གི་ལས་དབང་ལ་བསམ་བློ་དེ་བས་མི་གཏོང་བར་ངོས་འཛིན་བྱེད་ཀྱི་ཡོད།
གོང་སྨྲོས་ཀྱི་ལྟ་བ་དེ་ནི་གཞི་ལུས་བོད་མིའི་བསམ་བློ་དང་ཡོངས་སུ་འགལ་ཡོད་པ་ནི་ ༢༠༠༨ ཀྱི་ས་བྱི་ཞི་རྒོལ་ཆེན་མོ་དེ་ལས་གསལ་པོར་མངོན་ཐུབ།
རྩོམ་རིགས་བྲིས་པའི་རྣམ་པའི་ཐོག་ནས་བློ་སེང་ལགས་ཀྱིས་བོད་སྐད་ཡིག་ལ་བྱང་ཆུབ་པ་ཡིན་པའི་ཚུལ་སྟོན་གྱི་ཡོད། འོན་ཀྱང་བརྩམས་ཆོས་དེ་ཚོ་ཁོང་གིས་བྲིས་མེད་པ་ཚང་མས་ཤེས་ཀྱི་ཡོད། ཁོང་ལ་བོད་སྐད་ཡིག་གི་ཡོན་ཚད་འདང་ངེས་པ་ཞིག་མེད་ནའང་ཆོག འོན་ཀྱང་ད་ཆ་ཁོང་ནི་བོད་མི་ཚོའི་ཆབ་སྲིད་ཀྱི་འགོ་འཁྲིད་མཐོ་ཤོས་ཆགས་རྒྱུའི་མཚམས་སུ་སླེབས་ཡོད། རྣམ་ཀུན་ང་ཚོས་རྒྱ་མིར་རྒྱུ་མཚན་དང་ལྡན་པའི་ཐོག་ནས་རྩོད་གླེང་བྱ་རྒྱུ་གཙོ་བོ་ཞིག་ནི་རྒྱ་མིས་བོད་ནང་བོད་སྐད་ཡིག་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་གཏོང་གི་འདུག་ཅེས་པ་དེ་རེད། དེ་ལྟར་ནའང་རང་དབང་ཆ་ཚང་ཡོད་པའི་བཙན་བྱོལ་གྱི་ཁོར་ཡུག་ཏུ་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐོགས་པ་མེད་པ་ཞིག་བཀའ་བློན་ཁྲི་པར་གདམ་རྒྱུ་མིན་ནམ།
སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་བཀའ་བློན་ཁྲི་པ་ལས་ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གདན་ས་སེ་རར་དགེ་འདུན་པ་ཚོར་བཀའ་བློན་ཁྲི་པའི་འོས་བསྡུའི་གྲུབ་འབྲས་དང་འབྲེལ་བའི་བཀའ་སློབ་ཐུང་ངུ་ཞིག་གནང་ཡོད་པ་དེ་ལ་ང་ཚོས་སེམས་ནང་འགན་འཁུར་དང་བཅས་ཏེ་བསམ་གཞིགས་ནན་པོ་བྱ་དགོས་འདུག་སྙམ།
གསར་འགྱུར་བརྒྱུད་ལམ་ཁག་ནང་བློ་སེང་ལགས་ཀྱིས་ཡང་ནས་བསྐྱར་དུ་གཏམ་བཤད་སྤེལ་བ་ལྟར་ན་ ༢༠༠༥ ལོར་ཁོང་རང་པེ་ཅིན་དུ་བསྐྱོད་ཡོད་པ་དང་། དེ་ཕྱོགས་སུ་གཙུག་ལག་སློབ་ཆེན་ཁག་གི་ཤེས་ཡོན་ཅན་དང་། ཆབ་སྲིད་མི་སྣ་ཐུག་འཕྲད་བྱས་ཡོད་པ། ལྷག་པར་དུ་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་གནད་དོན་གླེང་བ་བཅས་ཚིག་ཐག་ཆོད་པོས་སྨྲ་བཞིན་ཡོད། ༼ཀུན་གླེང་།༽ ངས་ཤེས་རྟོགས་བྱུང་བ་ལྟར་ན་རྒྱ་གར་གཞུང་གིས་བོད་མི་བཙན་བྱོལ་པ་རྣམས་ལ་གནང་བའི་འགྲུལ་སྐྱོད་ལག་ཁྱེར་སེར་པོའི་ཐོག་རྒྱ་གཞུང་གིས་མཐོང་མཆན་(visa)སྤྲོད་ཀྱི་མེད། དེ་ལྟར་ཡིན་ན་འབུམ་རམས་པ་མཆོག་ཕྱིར་སྡོད་རྒྱ་མིའི་མིང་ཐོག་ནས་བསྐྱོད་པ་རེད་དམ། ཡང་ན་ཐབས་གཞན་ཞིག་གི་བརྒྱུད་ནས་ཕེབས་པ་རེད། དྲི་བ་འདི་ལ་ད་བར་ཁོང་གིས་ལན་ཁ་གསལ་ཞིག་གནང་ཐུབ་མི་འདུག དེ་སྔ་ང་ཚོའི་སྤྱི་ཚོགས་ཁྲོད་ནས་བོད་མི་ཆེ་གེ་མོ་ཞིག་གིས་བརྒྱུད་ལམ་དེ་ལྟ་བུ་བྱས་ཏེ་འགྲོ་མཁན་རྣམས་ལ་ང་ཚོའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་ནན་པོ་བྱས་མྱོང་ཡོད།
༣ "བོད་ཀྱི་ཨོ་བྷ་མ།"དང་"རྒྱ་ནག་གི་ཨོ་བྷ་མ"ཡིན་པར་རློམ་པ།
བློ་སེང་ལགས་ཀྱིས་ད་བར་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་ནང་ཁ་ཡོད་ལག་ཡོད་ཀྱི་ཉམས་མྱོང་གསོག་པའི་བྱ་བཞག་གང་ཡང་སྒྲུབ་མེད་པ་རེད།
ཐེངས་གཅིག་ཁོང་ལ་ཐད་ཀར་གནས་ཚུལ་དེའི་ཐོག་འདྲི་བ་དྲིས་སྐབས་ཁོང་གིས་དེའི་ལན་དུ་བརྗོད་གསལ། ལོ་རྒྱུས་ཐོག་ཕུལ་དུ་བྱུང་བའི་སྐྱེ་མཆོག་ཆོས་རྒྱལ་སྲོང་བཙན་དང་། རླབས་ཆེན་གྱི་ཨེ་ལེག་ཟན་ཌར། (Alexander the Great) དེ་བཞིན་ཨོ་བྷ་མ་སོགས་བྱུང་ཡོད་པའི་གནས་ཚུལ་བརྗོད་སོང་། མིའི་རིགས་ཀྱི་ལོ་རྒྱུས་ནང་སྐབས་རེ་ཕུལ་བྱུང་གི་སྐྱེ་བོ་དམ་པ་དེ་འདྲ་བྱུང་ཡོད་པ་བདེན་མོས། འོ་ན་ད་གཟོད་ཁོང་ཡང་ཕུལ་བྱུང་གི་སྐྱེ་བོ་དམ་པ་གཅིག་ཆགས་ཟིན་པར་བརྩི་དགོས་སམ།
བློ་སེང་ལགས་ཀྱིས་རང་ཉིད་ཨོ་བྷ་མ་དང་གཅིག་མཚུངས་སུ་འཛིན་པའི་རྣམ་པ་མང་པོ་བསྟན་ཡོད་པའི་ཁྲོད་ནས་སྐབས་གཅིག་ལ་བགྲོ་གླེང་ཞིག་ཏུ། ཁོང་ནི་"རྒྱ་ནག་གི་ཨོ་བྷ་མ"བྱ་རྒྱུ་ཡིན་གསུངས་ཡོད་པ་དང་། བོད་མིའི་རྩ་དོན་གྱི་འཐབ་རྩོད་དེ་བཞིན་ཨེ་མི་རི་ཁའི་མི་རིགས་ནག་པོ་ཚོའི་འབངས་མི་སེར་གྱི་ཐོབ་ཐང་རྩོད་ལེན་དང་འདྲ་མཉམ་ལྟ་བུར་ངོས་འཛིན་བྱས་ཡོད། སྐད་ཆ་དེ་ནི་རིགས་པའི་གཞུང་ལུགས་དང་ཡོངས་སུ་འགལ་ཡོད། ང་ཚོས་ཀུ་ཤུ་དང་ཚ་ལུ་མ་གཅིག་པ་མ་ཡིན་པ་དེ་ཤེས་ཀྱི་ཡོད་ལ། ང་ཚོར་ཨོ་བྷ་མའི་བཤད་སྲོལ་ལུང་འདྲེན་བྱེད་པའི་རྒྱ་ནག་གི་བཀའ་བློན་ཁྲི་པ་བྱེད་འདོད་མཁན་གྱི་མི་ཞིག་དེ་བས་ཀྱང་མི་དགོས།
༧རྒྱལ་བའི་སྐུ་ཕྲེང་དང་འབྲེལ་བའི་གནད་དོན་ཐོག་བློ་སེང་ལགས་ཀྱི་བཀའ་མོལ།
༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཐད་བློ་སེང་ལགས་ལ་དྲི་བ་ཕུལ་སྐབས་དྲི་ལན་དུ། ཁོང་གི་དགོངས་པ་ལྟར་བྱས་ན། མ་འདས་སྤྲུལ་སྐུ་ཕེབས་དགོས་ཚུལ་དང་། དེ་ཡང་ཕྲུག་གུ་ལོ་ ༡༤ ནས་ ༢༠ བར་ཡིན་དགོས་ཚུལ། འཁྲུངས་ས་ཡང་མོན་རྟ་དབང་ཁུལ་ནས་ཡིན་དགོས་ཚུལ་གསུངས་སོང་། བཀའ་མོལ་དེ་ཐོས་སྐབས་དེ་མ་ཉིད་དུ་ངའི་བསམ་པར། སྟབས་ལེགས་པ་ཞིག་ལ་བློ་སེང་ལགས་ད་ཆ་དགུང་གྲངས་ཉེ་ཤུ་བརྒལ་ཟིན་འདུག་སྙམ་པ་དྲན་བྱུང་།
ངའི་བསམ་པར་༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་དེ་ནི་གནས་ཚུལ་ཕལ་པ་ཞིག་རྩ་བ་ནས་མིན་པར། བོད་མིའི་སེམས་ཁམས་དང་ཆེས་གཏིང་ཟབ་ཀྱི་སྒོ་ནས་འབྲེལ་བའི་གནད་དོན་ཞིག་ཡིན་ལ། མ་ཟད་ཆོས་ལུགས་དད་ལྡན་པའི་ངོས་ནས་བཤད་ན་དོན་གནད་འདི་ནི་ཆབ་སྲིད་ཀྱི་ལག་ཆར་གཏོང་ཐབས་མེད་པའི་གནད་དོན་རྩ་ཆེན་པོ་ཞིག་རེད། དེ་ལྟར་ནའང་འདས་པའི་ལོ་ཟླའི་ཁྲོད་དུ་རྒྱ་གཞུང་གིས་སྤྲུལ་སྐུའི་ལམ་ལུགས་དེ་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་བྱེད་མུས་ཐོག དད་ལྡན་པ་དང་བོད་མི་ཚོའི་རྩ་ཆེའི་སེམས་ཁམས་ལ་བརྩི་བཀུར་མི་བྱེད་ལ། བསམ་ཤེས་ནི་དེ་བས་བྱེད་ཀྱི་མེད།
ད་ང་ཚོས་ཀྱང་དད་ལྡན་པའི་མྱོང་ཚོར་ལ་མནོ་བསམ་ཙམ་ཡང་མི་གཏོང་བའི་གཏམ་བཤད་སྒྲོག་ཅིང་ །
། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ།
།དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།
ཅེས་པའི་བྱང་ཆུབ་སེམས་དཔའི་ཐུགས་དམ་ཟབ་མོ་ལ་བསམ་བློ་ཙམ་ཡང་མི་གཏོང་བར། རྒྱ་གཞུང་ཆོས་ཁས་མི་ལེན་མཁན་དེས་ལག་རྩེད་འཁྲབ་སྟོན་བྱ་སའི་སྡིངས་ཆའི་སྟེང་། ང་ཚོས་ཀྱང་བྲོ་འཁྲབ་མཉམ་དང་རྔ་བརྡུང་མཉམ་བྱེད་པ་ནི་མཐར་ང་རང་ཚོ་རྒྱལ་སྤྱིའི་ནང་ཡིད་ཆེས་མི་བྱ་ས་ཞིག་ཆགས་རྒྱུ་མ་རེད་དམ། བོད་མི་དད་ཅན་ཚོའི་སེམས་ཁམས་ལ་ཕོག་ཐུག་འགྲོ་རྒྱུ་མ་ཡིན་ནམ། "མགོ་བདེ་པོས་ཞྭ་མོ་བརླག་"ཟེར་བའི་དཔེ་དང་མཚུངས་པ་མ་ཡིན་ནམ།
ཚང་མས་ཤེས་གསལ་ལྟར་ ༧གོང་ས་མཆོག་ནི་འཛམ་གླིང་ནང་ཆེས་ཤེས་རབ་ཟབ་ཤོས་ཀྱི་སྐྱེ་བུ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ལ། ཚན་རིག་པ་མཁས་ཅན་དང་། ཤེས་ལྡན་མི་སྣ། བསམ་བློ་བ་ལ་སོགས་པའི་བློ་སྟོན་ཞུ་ཡུལ་གྱི་སྐྱེ་བུ་དམ་པ་ཞིག་ཡིན་པ་ནི་སྨྲ་ཅི་དགོས། འོན་ཀྱང་ནང་ཆོས་ཀྱི་ལྟ་གྲུབ་ཁོངས་སུ་མི་ཆུད་མཁན་གྱི་ནུབ་ཕྱོགས་སློབ་ཆེན་ཐོན་པ་སྤྱང་དྲུང་ལྡན་མདོག་ཁ་པོའི་མི་ཞིག་ནས་༧སྐུ་མདུན་མཆོག་ལ་སློབ་སྟོན་ཕུལ་བ་ནི་ཁྱད་གསོད་བྱས་པར་ངས་ངོས་འཛིན་ཞུ་རྒྱུ་ཡིན།
ཕྱོགས་བསྡོམས།
ཉག་ཕྲའི་ལོ་རྒྱུས་ཀྱི་དུས་རིམ་འགྲིམ་བཞིན་པའི་ང་ཚོའི་མི་རིགས་འདི། ཆགས་འཇིག་གི་གནས་སུ་ལྷུང་ཡོད་པའི་དུས་མཚམས་ཤིག་ཏུ་སླེབས་ཡོད་ཅིང་། ༧སྐྱབས་མགོན་༧རྒྱལ་བའི་དབང་པོ་སྐུ་ན་མཐོ་པོར་ཕེབས་ཡོད་པ་དང་། བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བར་བྱེད་པའི་རྒྱ་མི་ས་ཡ་མང་པོ་ཁ་བ་གངས་ལྗོངས་སུ་གཞིས་ཆགས་ཟིན་པ། གནད་དོན་དབྱེ་ཞིབ་པ་ཁ་ཤས་ཀྱིས་བརྗོད་དོན་ལྟར་ན་མ་འོངས་ལོ་སུམ་ཅུའི་ནང་བོད་ཀྱི་ལས་དབང་དེ་ཐག་ཆོད་རྒྱུ་ཡིན་པའི་དུས་སྐབས་དེ་འདྲ་ཞིག་ལ་སླེབས་ཡོད།
ང་ཚོ་བོད་མི་ཚོར་མཚོན་ན་དུས་ཚོད་ནི་འགག་རྩ་ཆགས་ཡོད། འདི་འདྲ་ཡིན་དུས་ཆུ་ཚོད་དང་། སྐར་མ། ཐ་ན་སྐར་ཆ་གཅིག་ཡིན་རུང་། མི་རིགས་འདི་འཆི་གསོན་གྱི་འགག་མཚམས་ཤིག་ཡིན། དེར་བརྟེན་ལོ་ལྔ་ཚན་གྱི་མ་འོངས་བཀའ་བློན་ཁྲི་པ་དེ་ནི་ཉམས་མྱོང་དང་ཤེས་འཇོན་གཉིས་ལྡན་དང་། ལྷག་པར་དུ་ཆབ་སྲིད་ཀྱི་སེམས་ཁམས་བྱང་ཆུབ་པ། ལྷག་བསམ་དག་ཅིང་གཞུང་སེམས་དྲང་བ་ཞིག་གདམ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། ཉམས་མྱོང་མེད་པ་དང་ཆབ་སྲིད་ཀྱི་ལྟ་བ་སྲ་བརྟན་མེད་མཁན་ཞིག་གི་ལག་ཏུ་བོད་མི་ཚོའི་ལས་དབང་ཆ་ཚང་སྤྲོད་པ་ནི་རང་ཤི་རྒྱག་རྒྱུའི་སྟ་གོན་བྱེད་པ་རང་དུ་མཐོང་།
ཞལ་བདེ་བའི་བློ་སེང་ལགས་ཀྱིས་ཉན་པ་པོའི་འདོད་པ་ལྟར་གྱི་སྐད་ཆ་འབའ་ཞིག་བཤད་པ་ལས། ཁོང་རང་ལ་རང་ཚུགས་བརྟན་པའི་ཆབ་སྲིད་ཀྱི་ལྟ་བ་ཞིག་མེད་ལ། ལོ་ལྔ་ཅན་གྱི་ཆབ་སྲིད་ཀྱི་འཆར་གཞི་ཁ་གསལ་ཡང་མེད། དེས་ན་ཁོང་གིས་ ༢༠༡༡ ཟླ་ ༡ ཚེས་ ༡༨ ཉིན་རྒྱལ་ས་ལྡི་ལིར་སློབ་ཕྲུག་གི་དྲི་བ་ཞིག་ལ་ལན་བསྐྱོན་པའི་སྐབས། "ཕྲན་རང་སྔར་ནས་ད་བར་རང་བཙན་གཙང་མར་མཐའ་གཅིག་ཏུ་འདོད་བཞིན་ཡིན། འོན་ཀྱང་བཀའ་བློན་ཁྲི་པ་ཆགས་པ་ཡིན་ཚེ་ཁོར་ཡུག་དང་གནས་བབས་ལ་དཔག་པའི་ལས་ཀ་བྱ་རྒྱུ་ཡིན་"ཞེས་གསུངས་ཡོད། སྐད་ཆ་དེ་ནི་རྒྱ་ནག་གཞུང་ལ་དགོས་རྒྱུའི་གཏམ་ཞིག་ཆགས་ཡོད། ཆགས་སྟངས་འདི་ལྟར་ཏེ་རྒྱ་ནག་གཞུང་ནས་ལམ་དབུ་མར་མོས་མཐུན་མི་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། ལམ་དབུ་མའི་རྒྱབ་ལ་རང་བཙན་གབ་ནས་འདུག་ཅེས་ཟེར་བ་དེ་རེད། གལ་ཏེ་བློ་སེང་ལགས་འདེམ་ཐོན་བྱུང་བ་ཡིན་ན། ད་གཟོད་ཏག་ཏག་རྒྱ་གཞུང་ལ་ལག་པ་ཕྱིས་ས་དང་ཁ་གཡར་ས་ཞིག་ཆགས་རྒྱུ་རེད། དེར་བརྟེན་ཁོང་གིས་རང་ཉིད་ལ་འོས་ཤོག་རགས་ཐབས་ཆེད་སྐད་ཆ་འགན་མེད་པ་ཞེ་གཅིག་བཤད་ཀྱིན་དུ་ཡོད་ཙ་ན། ངའི་ངོས་ནས་ཁོང་འོས་མིར་རྩ་བ་ནས་འོས་པར་མི་མཐོང་།
བློ་སེང་ལགས་ལ་རྒྱལ་ཁ་ཐོབ་པ་ཡིན་ན་ད་དུང་ཞོར་འབྲས་ངན་པ་གཞན་ཞིག་ཡོད་པ་དེ་ནི། ལོ་མང་རིང་བཙན་བྱོལ་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་སྤྱི་ཚོགས་ནང་ལྷག་བསམ་རྣམ་དག་གི་ཐོག་ནས་སྲིད་ཞུ་སྒྲུབ་མཁན་ཚོ་སེམས་ཤུགས་ཆག་རྒྱུའི་རྒྱུར་མི་འགྲོ་མི་སྲིད་པ་མིན། ལུས་སེམས་གཉིས་ཀྱིས་ལོ་རབས་དུ་མར་སྐུ་ལས་སྐྱོན་མཁན་ཚོ་ལ་ད་ཆ་ང་ཚོའི་ཆབ་འབངས་ནས་དེ་ཙམ་གྱི་དོ་སྣང་མ་བྱེད་པར། ཁ་བདེ་ལྕེ་སྙན་གྱི་མི་ལ་མགོ་འཁོར་བའི་འཇུག་འབྲས་ངན་པ་ཡོང་སྲིད།
གོང་འཁོད་ངའི་སྐད་ཆ་རྣམས་ཁྱེད་རྣམ་པའི་ཀློག་རྗེས་སུ། ད་གཟོད་ང་ནི་བློ་སེང་ལགས་བཀའ་བློན་ཁྲི་པར་མི་འོས་པར་མཐོང་མཁན་གྱི་གྲལ་ནས་ཡིན་པ་མཁྱེན་ཐུབ། ང་སྒེར་གྱི་ཆ་ནས་བློ་སེང་ལགས་མཇལ་མ་མྱོང་ལ། ཁོང་དང་མཉམ་དུ་ཡིག་འབྲེལ་ཙམ་ཡང་བྱས་མ་མྱོང་། ཁོང་དང་སྒེར་གྱི་མ་འགྲིག་པ་དང་མ་མཐུན་པ་གང་ཡང་མེད་ལ། བཀའ་བློན་ཁྲི་པའི་འོས་མིའི་ཁོངས་ཀྱི་མི་སུ་ཡང་ངོ་མི་ཤེས་ལ། ཁོང་རྣམས་དང་ཡིག་འབྲེལ་ཙམ་ཡང་བྱས་མ་མྱོང་། འོན་ཀྱང་མི་རིགས་ཤིག་གི་ལས་དབང་དང་འབྲེལ་བའི་གནས་ཚུལ་ཡིན་པས་གོང་ཞུས་ཀྱི་གནས་ཚུལ་རྣམས་དྲྭ་རྒྱ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ལས་ཤེས་རྟོགས་བྱུང་བ་དག་ཕྱོགས་སྒྲིག་ཞུས་པ་ཡིན།
མཐའ་འཇུག་ཏུ་ཞུ་རྒྱུར་འབུམ་རམས་པ་བློ་བཟང་སེང་གེ་ལགས་གང་ས་ཅི་ཐད་ནས་ཉམས་མྱོང་གི་དབུལ་བ་དང་། རང་ཉིད་རང་ལ་གདེངས་འཇོགས་ཆེ་དྲག་པའི་གང་ཟག་ཞིག་ཡིན་པས། བོད་ཀྱི་རྩ་དོན་ཁོང་གི་ལག་ཏུ་བཞག་མི་རུང་ཞེས་ནན་སྐུལ་བྱ་རྒྱུ་དང་། གཞན་སུ་འདེམ་རུང་བདག་གིས་ཁྱད་པར་མི་མཐོང་ངོ་།།
༢༠༡༡་༢་༤ བཟང་པོར་རྗར་མེ་ནིའི་གྲོང་ཁྱེར་ཧྥིརང་ཧྥར་ཌི་རུ་བྲིས།
Designed by Gyatso
Keine Kommentare:
Kommentar veröffentlichen